ཁ་བརྡའི་གསལ་བཤད།
དེ་རིང་མཆན་གཅིག་ཏུ། “ཁྱེད་ཅག་གི་དྲ་ཐོག་ཏུ་སྨྱོས་གཏམ་རེ་གཉིས་འབྱུང་བཞིན་ལ། ༧ གོང་ས་མཆོག་ལ་ཟུར་ཟའི་འཆལ་ཚིག་འགའ་ཡང་ཐོན་བཞིན་པ་འདིར་དགའ་རྒྱུ་ཞིག་གཏན་ནས་མེད་ཀི། དམངས་གཙོ་ཟེར་ན། དེར་ཡང་མཚམས་ཚིགས་ཡོད་པ་ཞིག་ཡིན་ལོས་དགོས། གཞན་དུ་ན། འཇིག་རྟེན་འདིར་འགལ་སྤྱོད་ཅན་གྱིས་ཁེངས་ན་ཅི་བྱ།” ཞེས་བཀོད་འདུག ༧གོང་ས་མཆོག་ནི་བོད་མིའི་བླ་མ་དང་རྒྱལ་པོ་རེད། བོད་མི་ཚོས་ཁོང་ལ་བཅངས་པའི་བརྩེ་དུང་དང་གུས་ཞབས་ནི་བླ་ན་མེད་པ་ཞིག་རེད། ཁ་བརྡ་ཡང་བོད་མིའི་ཁ་བརྡ་ཞིག་ཡིན། དེ་བས། ཁ་བརྡ་ཡིས་༧གོང་ས་མཆོག་ལ་མཚན་སྨད་ཀྱིས་མཚོན་པའི་ཚིག་མཚོན་འཕེན་རིགས་ལ་དགའ་བསུ་མི་ཞུ་ལ། ཐ་ན་དགོས་གལ་དང་ཚིག་མཚོན་གྱི་ཚབས་ཆེ་ཆུང་ལ་དཔག་ནས་ཚིག་མཚོན་དེ་ཚོ་གསུབ་ཀྱིན་ཡོད། ཟུར་ཟ་འདི་དང་ཚིག་མཚོན་འདི་ནི་འགོད་མི་འོས་ཞེས་ཀློག་མཁན་གྱིས་གསལ་འདོན་བྱས་ཚེ། ཀློག་མཁན་དང་བོད་མིའི་སེམས་ཁམས་ལ་གུས་ཞབས་ཀྱི་ཆེད་དུ་ཚིག་མཚོན་དེ་རིགས་གསུབ་ངེས་ཡིན།