སྐུ་ཞབས་ལུང་རིགས་རྒྱལ་གྱི་གཅིག་གྱུར་ཆེན་པོ་གཉིས་ཞེས་པའི་ཆེད་རྩོམ་བཀླགས་པའི་རྗེས་འབྲེལ་དུ།
ཨ་འབྲུག་དཀོན་མཆོག
༸གོང་ས་མཆོག་གིས་བོད་ཀྱི་གནད་དོན་འདི་རྒྱལ་སྤྱིའི་ཆབ་སྲིད་ཀྱི་འགྱུར་ལྡོག་ཆེན་པོ་ཞིག་གི་འོག་ནས་བྱུང་བ་དང་འདི་ཉིད་ཐག་གཅོད་ཀྱང་རྒྱལ་སྤྱིའི་ཆབ་སྲིད་འགྱུར་འགྲོས་ཀྱི་རྒྱབ་ལྗོངས་དང་མཐུན་པར་བྱེད་དགོས་པ་དེ་དུས་རབས་སྔོན་མའི་དུས་དཀྱིལ་ནས་དཔྱོད་དཔག་གིས་ལམ་སྟོན་དང་འཆར་སྣང་གི་དགོངས་ཚུལ་བཏོན་ཡོད་ལ། རྒྱང་བཀྱེད་ནས་བལྟས་ན་དབུ་མའི་ལམ་གྱི་སྲིད་བྱུས་ལ་དེ་ལྟ་བུའི་དུས་རབས་ཀྱི་རྒྱབ་ལྗོངས་ཡོད་པ་རེད། འོན་ཀྱང་༸གོང་ས་མཆོག་གིས་དགོངས་པ་བཞེས་ཕྱོགས་དང་དབུ་མའི་ལམ་གྱི་སྲིད་བྱུས་རང་སྟེང་ནས་བཤད་ན་དེའི་ཆེ་བ་རྒྱས་བཤད་བྱེད་རྒྱུ་ལས་ཀྱང༌། དེ་ཉིད་འགལ་ཟླ་འདུམ་འགྲིག་གི་ལམ་ནས་སེལ་ཐུབ་པའི་ལག་ལེན་གྱི་རང་བཞིན་ལྡན་པའི་ཐོག་མའི་ཡིད་ཆེས་དེ་མངོན་གྱུར་ཡོང་ཐབས་ལ་འབད་པ་བྱས་ཡོད་པ་རེད། དབུ་མའི་ལམ་གྱི་སྲིད་བྱུས་དེ་རྒྱལ་སྤྱིའི་འགལ་རྩོད་སེལ་ཕྱོགས་ཀྱི་༸གོང་ས་མཆོག་གི་སྤྱིར་བཏང་གི་དགོངས་པ་ལས་བྱུང་ཡང་ཆེད་དམིགས་ཀྱི་ཆ་ནས་དེ་ཉིད་བོད་ཀྱི་གནད་དོན་ཐག་གཅོད་བྱེད་པའི་ཐབས་ལམ་ཞིག་ཡིན་ལ། སྲིད་བྱུས་འདི་༸གོང་ས་མཆོག་གི་དགོངས་གཞི་ཙམ་ལས་བོད་གཞུང་གི་ཁྲིམས་ཐོག་ནས་གཏན་འབེབས་བྱས་པའི་སྲིད་བྱུས་ཤིག་ཏུ་མ་གྱུར་བའི་ཡར་སྔོན་དེར་༸གོང་ས་མཆོག་གིས་བོད་ཀྱི་རྩ་དོན་ནི་བོད་མི་ས་ཡ་དྲུག་གི་བདེ་སྐྱིད་ཀྱི་ཆེད་ཡིན་ཞེས་བོད་ཀྱི་རྩ་དོན་དེ་བོད་མིའི་བདེ་སྐྱིད་ཀྱི་ཆེད་ཅེས་པར་ངོས་འཛིན་གནང་མྱོང་ཡོད། ཉེ་བའི་ཆར་༸གོང་ས་མཆོག་གིས་བོད་མིའི་སྡུག་བསྔལ་སེལ་ཆེད་ཅེས་པའི་ཚིག་འདི་བེད་སྤྱོད་གནང་གི་འདུག་ཅིང༌། དམིགས་བསལ་སྐུ་ཚབས་རྒྱ་རི་བློ་གྲོས་རྒྱལ་མཚན་ལ་༸གོང་ས་མཆོག་གིས་བཀའ་མངགས་ནན་པོ་བྱས་པའི་སྙིང་དོན་ཡང་བོད་མིའི་སྡུག་བསྔལ་སེལ་བའི་ཆེད་དུ་ཐབས་ཤེས་ག་རེ་ཡིན་ནའང་བྱེད་དགོས་ཞེས་པ་དེ་རེད། ༸གོང་ས་མཆོག་གིས་བོད་མིའི་བདེ་སྐྱིད་ཀྱི་ཆེད་ཅེས་པ་ནས་འགོ་བརྩམས་ཏེ་བོད་ཀྱི་གནད་དོན་ཐག་གཅོད་བྱེད་པའི་ཐབས་ལམ་དང་ཇུས་གཞི་གསལ་འདོན་གནང་བའི་གནས་ཚུལ་དེ་དཔེ་མཚོན་དུ་བཞག་ནས་ད་ལྟ་བོད་མིའི་སྡུག་བསྔལ་སེལ་ཆེད་དུ་ཐབས་ཤེས་ག་རེ་ཡིན་ནའང་བྱེད་དགོས་ཞེས་པ་དེ་ཁོང་གི་དགོངས་པ་དང་ཐབས་ཇུས་ལ་རྩ་བའི་ཆ་ནས་འགྱུར་ལྡོག་ཅིག་འགྲོ་བཞིན་པ་དང༌། བདེ་སྐྱིད་བསྒྲུབ་ཆེད་དང་སྡུག་བསྔལ་སེལ་ཆེད་དུ་ཞེས་པ་གཉིས་ལ་ཁྱད་པར་ཆེན་པོ་ཞིག་ཡོད་པ་ཡང་ངས་ངོས་འཛིན་བྱེད་ཀྱི་མེད། ཡིན་ནའང་བོད་མི་རིགས་འདི་གསོན་གནས་ཡོང་བ་ལ་ཕན་པའི་ཆེས་མཐའ་མཇུག་གི་གོ་སྐབས་ཀྱི་ཆེད་དུ་ཁོང་གིས་ག་རེ་ཡིན་ནའང་གནང་གི་རེད། ཁོང་ནི་ཐབས་ཤེས་དང་གདམ་ག་གཅིག་གིས་ནུས་པ་མ་ཐོན་པ་མངོན་གསལ་དུ་གྱུར་རུང་རང་ཉིད་ཀྱི་ལ་རྒྱ་སྲུང་སྐྱོབས་ཀྱི་ཆེད་དུ་གདམ་ག་གསར་བ་དང་ལེན་བྱེད་མི་ནུས་མཁན་དེ་འདྲ་གཏན་ནས་མ་རེད། དེང་སང་གི་བོད་ཀྱི་གནས་བབ་ལ་བསམ་ན་ང་ཚོས་ལ་རྒྱ་ལས་ཀྱང་དོན་དངོས་ལ་མཐོང་ཆེན་བྱེད་དགོས་པ་ཧ་ཅང་གལ་ཆེན་པོ་རེད། དོན་དམ་པའི་ང་ཚོ་ལ་ལ་རྒྱ་ཞིག་ཡོད་ན་ང་ཚོའི་གཞན་དང་གཞན་ལ་ངོ་རྒོལ་བྱེད་རྒྱུ་ལས་ཀྱང་རང་དང་རང་རིགས་དར་སྤེལ་གཏོང་བའི་གོ་སྐབས་དང་ཐབས་ལམ་ལ་བསམ་བློ་གཏོང་རན་རེད།
དེ་ལས་མང་བ་། “རྨས་སྐྱོན་ཐེབས་པའི་མི་རིགས་ཤིག་གི་ཚེ་སྲོག་སྐྱོབས་པའི་མཐའ་མའི་དམག་འཐབ།” »