ཐེངས་བདུན་པ་དེ་ཐེངས་མཐའ་མ་ཡིན་ནམ།
བོད་རྒྱ་ཞི་མོལ་ལམ་ཞུ་མོལ། འབྲེལ་མོལ་གང་ཡིན་ཡང་། ཐེངས་བདུན་པ་ཉེ་ཆར་གྲུབ་པའི་གསར་འགོད་གསལ་བསྒྲགས་ཤིག་དམིགས་བསལ་སྐུ་ཚབ་གཉིས་ཀྱི་མཚན་ཐོག་ནས་ སྤྱི་ཟླ་ ༧ པའི་ཚེས་ ༥ ཉིན་རྡ་རམ་ལ་ས་ནས་སྤེལ་འདུག ཐེངས་འདིར་ཡང་འཛོམས་ས་པེ་ཅིན་ཡིན་པ་ཙམ་ལས་སྐད་ཆ་གསར་པ་ཞིག་མི་འདུག་བསམས་སོང་། འོན་ཀྱང་ཐེངས་འདིར་བློ་སྤོབས་འཕར་བ་ཞིག་ནི་རྒྱ་རི་བློ་གྲོས་རྒྱལ་མཚན་གྱི་ངོས་ནས་རྒྱ་ནག་གི་དཔོན་རིགས་འཕྲད་པ་དེ་ཚོར། “ང་ཚོའི་གྲོས་མོལ་གྱི་སྐབས་སུ། ང་ཚོས་ཐད་ཀར་ང་ཚོའི་འབྲེལ་གཏུགས་བྱ་ཡུལ་རྣམས་ལ་ཁྱེད་རང་ཚོའི་ངོས་ནས་ཆོད་སེམས་དང་ལྷག་བསམ་རྣམ་དག་མེད་པ་ཡིན་ན་ད་ལྟའི་གྲོས་མོལ་འདི་མུ་མཐུད་ནས་བྱེད་པ་ལ་དགོས་དོན་མི་འདུག་ཅེས་ནན་བཤད་བྱས་ཡོད།” ཞེས་འཁོད་པ་འདི་རེད་བསམས། མི་དྲགས་ནད་པ་ཤི་ན་དགའ༎ མི་འགྲིགས་བཟའ་ཚང་འཐོར་ན་དགའ། ཞེས་བཤད་སྲོལ་ཡོད་པ་བཞིན། འདི་ནི་གྲུབ་འབྲས་མེད་པའི་གྲོས་མོལ་འདི་ཚོ་མཚམས་འཇོག་བྱེད་པའི་སྔོན་ལྟས་ཤིག་ཡིན་ནམ། ཞིབ་གསལ་གྱི་གསར་འགྱུར་གཤམ་གྱི་འབྲེལ་ཐག་ན་འདུག http://www.thetibetpost.com/